最新消息

༧སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་གིས་གདན་ཞུས་ལྟར་དུ་སྐྱབས་རྗེ་རིན་ཆེན་རྡོ་རྗེ་རིན་པོ་ཆེ་རྒྱ་གར་གྱི་མཉན་ཡོད་དུ་ཕེབས། ༢༠༢༣ ལོར་“རྒྱལ་སྤྱིའི་ཐེག་ཆེན་དགེ་སློང་མའི་དབྱར་གནས་”ཀྱི་མཇུག་སྡོམ་མཛད་སྒོའི་ཐོག་ཤིས་ཚིག་གསུངས།

སྐྱབས་རྗེ་རིན་ཆེན་རྡོ་རྗེ་རིན་པོ་ཆེ་མཆོག་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་འབྲི་གུང་༧སྐྱབས་མགོན་སྐུ་ཆེ་ཚང་རིན་པོ་ཆེ་མཆོག་གིས་གདན་ཞུས་ལྟར། སློབ་མ་༣༠༠ ཁྲིད་ནས་རྒྱ་གར་གྱི་མཉན་ཡོད་དུ་ཕེབས་པ་དང་། ༢༠༢༣ ལོའི་ཟླ་༩ ཚེས་༡༥ ཉིན། “རྒྱལ་སྤྱིའི་ཐེག་ཆེན་དགེ་སློང་མའི་དབྱར་གནས་”ཀྱི་མཇུག་སྡོམ་མཛད་སྒོར་ཞུགས། ༧སྐྱབས་མགོན་མཆོག་གིས་མཛད་སྒོའི་མཇུག་སྡོམ་གྱི་གསུང་བཤད་མ་གནང་གོང་དུ་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་པའི་གཤམ་གསལ།

༧སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་དང་དེ་བཞིན་དུ་ཕྱོགས་ཁག་ནས་ཕེབས་པའི་རིན་པོ་ཆེ་རྣམ་པ་དང་མཁན་པོ། དགེ་འདུན་པ་རྣམས། དེ་རིང་ནི་ངེད་ས་ཆ་འདིར་ཡོང་བའི་ཐེངས་བཞི་པ་དེ་ཆགས་ཡོད་ལ། གོང་གི་རིན་པོ་ཆེ་རྣམས་དང་མཁན་པོ་དགེ་བའི་བཤེས་གཉེན་རྣམས་ཀྱིས་སྟོན་པ་ཤཀྱ་ཐུབ་པའི་བཞུགས་པའི་གནས་མཆོག་འདིར་ངོ་སྤྲོད་ཞིབ་མོ་བྱས་པར་བརྟེན། ངས་ཀྱང་ཡང་བསྐྱར་གསལ་བཤད་བྱེད་དགོས་མི་འདུག་ལ། འོན་ཀྱང་ངས་གསལ་འདེབས་བྱེད་ཆོག་པ་ཞིག་ནི། འབྲི་གུང་༧སྐྱབས་མགོན་སྐུ་ཆེ་ཚང་རིན་པོ་ཆེ་མཆོག་ནི་ངའི་རྩ་བའི་བླ་མ་ཡིན་ལགས། ངས་༧སྐྱབས་མགོན་མཆོག་གི་རྗེས་སུ་ལོ་༤༠ ཡི་རིང་ལ་ནང་ཆོས་སྦྱངས་སྒྲུབས་བྱེད་ཡོད། ངེད་རང་གི་གསལ་པོར་ཤེས་རྟོགས་བྱུང་བའི་གནད་དོན་གཅིག་ནི། ༧སྐྱབས་མགོན་མཆོག་གིས་ཚེ་གང་པོ་འདིའི་ནང་ལ་ཆོས་བརྒྱུད་འཛིན་སྐྱོང་སྤེལ་གསུམ་གྱི་བྱེད་སྒོ་ཐོག་ནས་སྐྱེ་འགྲོ་མང་པོའི་ཆེད་དུ་ཁོང་གིས་བརྒྱ་ཆ་བརྒྱ་ཐམ་པར་སྐུ་ཚེ་བློས་བཏང་གནང་གི་ཡོད་རེད་ལགས། ཁོང་གིས་སྐུ་ཚེ་གཅིག་གི་ཡོད་ཚད་ཚང་མས་འགྲོ་བ་སེམས་ཅན་ཐམས་ཅད་རྣམ་མཁྱེན་སར་འགོད་པའི་ཆེད་དུ་ཡིན་པ་རེད།

དེ་བཞིན་དུ་སློབ་སྦྱོང་དང་སྒོམ་སྒྲུབ་གང་ཐད་དུ་ཡང་ང་ཚོ་ཚང་མས་ངེས་པར་དུ་ཚད་དང་ལྡན་པའི་བླ་མ་ཞིག་གི་རྗེས་སུ་འཇུག་ནས་རྒྱུན་མི་ཆད་པར་སྒྲུབ་ན་ཉིན་ཞིག་བཟོད་ནས་ཁྱོད་ལ་མེ་ཏོག་བཞད་ཅིང་འབྲས་བུ་ཞིག་མཐོང་ཐུབ། སྒོམ་སྒྲུབ་ནི་མི་ཁ་ཤས་ཀྱི་ངོས་ནས་བརྗོད་ན་སྟོང་བསམ་དང་མི་སྲིད་པའི་བྱ་བ་ཞིག་རེད་བསམ་གྱི་ཡོད་ལ། ཡིན་ནའང་གལ་ཏེ་ཚད་ལྡན་བླ་མ་ཞིག་གིས་སློབ་སྟོན་གནང་བ་དང་། སྟོན་པ་བདེ་བ་གཤེགས་པའི་བསྟན་པའི་ཡང་དག་པའི་དམ་ཆོས་རྣམས་ལ་དུས་རྟག་པར་སྒོམ་སྒྲུབ་གནང་ཐུབ་ན། ཉིན་ཞིག་ལ་འབྲས་བུ་ཐོན་ངེས་རེད།

ངའི་རྩ་བའི་བླ་མ་༧སྐྱབས་མགོན་སྐུ་ཆེ་ཚང་རིན་པོ་ཆེ་མཆོག་ནི་དགུང་གྲངས་༧༨་ལ་སླེབས་ཡོད་ཅིང་། ང་ཡང་རང་ལོ་༧༦ལ་སླེབས་ཡོད། འོན་ཀྱང་༧སྐྱབས་མགོན་མཆོག་གིས་འཛམ་གླིང་ཡོངས་སུ་ནང་བསྟན་དང་སྐྱེ་འགྲོ་རྣམས་ཀྱི་ཆེད་དུ་ཆོས་སྟོན་པ། ཁོང་གི་སྙིང་སྟོབས་དང་དཀའ་སྡུག་རྣམས་ནི་སུ་གང་གིས་ཀྱང་མི་དོ་ལ། ངེད་ཁོང་ལས་ལོ་གཉིས་ཆུང་ཡང་ངས་སྒྲུབ་མི་ཐུབ།

དེར་བརྟེན་ང་ཚོ་འབྲི་གུང་བཀའ་བརྒྱུད་ལ་བླ་ན་མེད་པའི་༧སྐྱབས་མགོན་འདི་འདྲ་ཞིག་བཞུགས་ཡོད་པ་དེ་ནི་ནང་བསྟན་པའི་ཁྲོད་དུ་འགྲོ་བ་ཀུན་གྱི་ཆེད་དུ་ལེགས་སྐྱེས་འབུལ་མཁན་སྒོམ་སྒྲུབ་མཁན་མཆོག་ཏུ་གྱུར་པ་ཞིག་རེད་ལ། དེ་ཡང་ང་ཚོ་མིའི་འགྲོ་རྣམས་ཀྱི་བསོད་ནམས་ཀྱི་བགོ་སྐལ་དེ་མུ་མཐུད་གོ་སྐབས་རྒྱུན་འཛིན་བྱེད་ཆོག་ལ་མ་ཟད་ནང་བསྟན་ཡང་མུ་མཐུད་འཛིན་སྐྱོང་སྤེལ་གསུམ་བྱེད་ཆོག་པ་མཚོན་ཡོད།

འདིར་སྒོམ་སྒྲུབ་གནང་མཁན་ལྷན་རྒྱས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལྷག་པར་དུ་༧སྐྱབས་མགོན་མཆོག་གིས་ཐོག་མཐའ་བར་གསུམ་དུ་ང་ཚོར་སློབ་སྟོན་དང་མཛུབ་ཁྲིད་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ༧སྐྱབས་མགོན་མཆོག་ནམ་རྒྱུན་བལྟས་ན་སྙིང་རྗེ་པོ་ཞིག་འདུག ཡིན་ནའང་ཁོང་གིས་ང་ལ་ལྗགས་ལུང་བཀའ་ཁྲིད་གནང་སྐབས་ཁོང་ནི་ཧ་ཅང་གི་གཟབ་ནན་ཞིག་རེད། ༧སྐྱབས་མགོན་མཆོག་གིས་ཆོས་ལ་མི་འོས་པ་དང་མི་མཐུན་བྱེད་པ་དེ་ལ་བཟོད་སྒོམ་ནམ་རང་མི་བྱེད་ལ་ཁོང་གིས་ཇི་ལྟར་བཀའ་བསྩལ་དེ་བཞིན་དུ་བྱེད་དགོས་ཡོད་ལ། དེའི་ཕྱིར་༧སྐྱབས་མགོན་མཆོག་གི་རྗེས་སུ་འབྲངས་ནས་ཆོས་ལ་འཇུག་པ་ནི་བདེ་སྐྱིད་ཀྱི་བྱ་བ་ཞིག་ཡིན། དཀོན་མཆོག་བརྩེགས་པའི་མདོའི་ནང་དུ་གསུངས་པ་བཞིན་དུ་ཁྱོད་ཀྱིས་འདས་པའི་དུས་སུ་བསྒྲུབས་པའི་ལས་ཐམས་ཅད་དང་། བསོད་ནམས་ཐམས་ཅད་དང་། ཚང་མ་མི་ཚེ་འདིར་སྨིན་ཐུབ་ཅེས་གསུངས་ཡོད།

དེའི་ཕྱིར་ཁྱོད་ཚོས་འདས་པའི་དུས་སུ་བསྒྲུབ་པར་མི་འདང་བ་སྐྱོན་མེད། མི་ཚེ་འདི་ལ་ཁྱོད་ཚོ་ཡང་ཆོས་བཞིན་དུ་ལམ་སྟོན་དབུ་འཁྲིད་གནང་མཁན་བླ་ན་མེད་པའི་༧སྐྱབས་མགོན་མཆོག་དང་འཕྲད། ཉིན་རེ་བཞིན་དུ་ཁོང་དང་འགྲོགས་མི་སྲིད། ཁོང་གི་རྗེས་སུ་རྒྱུགས་མི་ཐུབ་པའི་རྒྱུ་མཚན་ནི་ཁོང་རྒྱུགས་པ་ཧ་ཅང་མགྱོགས་པས། ཉིན་རེར་གནམ་གྲུར་བསྡད་ནས་ཡར་འཕུར་མར་འཕུར་གནང་གི་ཡོད་དེ། འོན་ཀྱང་ཁོང་གི་སློབ་སྟོན་འོག་ང་ཚོས་རྗེས་སུ་འགྲོ་དགོས། ང་ཚོས་བརྩི་འཇོག་བྱེད་དགོས། ང་ཚོས་མུ་མཐུད་དུ་སློབ་སྦྱོང་ལ་འབད་པ་བྱེད་དགོས། ལྷན་རྒྱས་ལ་བཀའ་དྲིན་ཞུ།།

更新日期:11 十二月, 2023 12:19 下午